Friday, February 5, 2010

ལོ་གསར། རྒྱུ་མཚན་ནི་ང་ཚོ་བོད་པ་རེད།

༄༅༑ བརྩེ་བའི་གྲོགས་པོ་ལྷན་རྒྱས་དང་བོད་དོན་རྒྱབ་སྐྱོར་གནང་མཁན་ལྷན་རྒྱས་ལ།

སླེབས་ལ་ཉེ་བའི་སྤྱི་ལོ་༢༠༡༠ལོའི་ཟླ་༢ཚེས་༡༤ཉིན་ནི་བོད་པའི་ལོ་གསར་ རེད། བོད་ཀྱི་སྐར་རྩིས་རིག་པའི་རྩིས་སྲོལ་ལྟར་བྱས་ན་ལྕགས་སྟག་བོད་རྒྱལ་ལོ་ ༢༡༣༧ལོ་འདི་ཤར་བའི་དགའ་སྟོན་གྱི་ཉིན་མོ་ཞིག་རེད་ལ། ཡང་འགྱུར་ལྡོག་དང་རེ་བ། བསྐྱར་སོན་གྱི་དམིགས་བསལ་དུས་ཚོད་ཅིག་ཀྱང་ཡིན་པ་རེད། ལོ་གསར་པའི་ཉིན་མོ་འདིར་ང་ཚོས་རང་མི་རིགས་ཀྱི་རྒྱལ་རབས་ལོ་རྒྱུས་དང་ང་ཚོའི་ རིག་གཞུང༌། ང་ཚོའི་ཆོས་ལུགས། ང་ཚོའི་མ་འོངས་ཀྱི་ཆེད་དགའ་སྟོན་གྱི་རྟེན་འབྲེལ་ཞུ་རྒྱུ་ཡིན། དགའ་སྟོན་ཞུ་དགོས་དོན་ནི་ང་ཚོའི་རྒྱལ་རབས་ལོ་རྒྱུས་ནི་རླབས་ཆེན་ཞིག་ དང༌། ང་ཚོའི་རིག་གཞུང་ནི་མཛེས་སྡུག་ལྡན་པ། ང་ཚོའི་ཆོས་ལུགས་ནི་གཏིང་ཟབ་པ་ཞིག་རེད། ད་ལྟའི་འཆར་ང་ཚོས་དཀའ་སྡུག་ཆེན་པོ་ཞིག་མྱོང་བཞིན་ཡོད་པ་ཡིན་རུང༌། ང་ཚོའི་མ་འོངས་པ་ནི་འོད་སྟོང་ལྡན་པ་ཞིག་རེད།

སྤྱི་ལོ་༢༠༠༨ལོ་ནས་བཟུང་ང་ཚོ་བོད་ཀྱི་མདོ་དབུས་ཁམས་གསུམ་ནང་བོད་མི་ཚོས་ གཅིག་མཇུག་གཉིས་མཐུད་ངང་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་རྗེས་ང་ཚོའི་ཤ་ཁྲག་ གཅིག་གི་སྤུན་ཟླ་ཚོ་རྒྱ་ནག་གུང་ཁྲན་གཞུང་གི་དབང་སྒྱུར་འོག་བོད་ནང་གི་གནས་ སྟངས་སྔར་ལས་ཇེ་ངན་ཇེ་སྡུག་ཏུ་ཕྱིན་ནས་བཙོན་འཇུག་དང་མནར་གཅོད། འདས་གྲོངས་སུ་ཕྱིན་པ་སོགས་དཀའ་སྡུག་མྱོང་བ་ཁག་དངོས་སུ་མཐོང༌ཡོད། དེར་བརྟེན་ན་ནིང་ལོར་འཛམ་གླིང་ཡུལ་གྲུ་ཁག་ནང་གནས་པའི་བོད་མི་ཚོས་སྐྱིད་ སྡུག་མཉམ་མྱོང་ཐོག་ནས་བོད་ཀྱི་ལོ་གསར་ལ་དགའ་སྟོན་གྱི་རྟེན་འབྲེལ་ཞུས་མེད་པ་ རེད།

འདི་ལོ་བོད་མི་མང་དག་ཅིག་གིས་བོད་ཀྱི་ལོ་གསར་ལ་བསུ་བ་ཞུ་རྒྱུའི་གྲ་སྒྲིག་ བྱེད་བཞིན་ཡོད་པ་རེད། དེ་ཡང་རྒྱུ་མཚན་ནི་ང་ཚོ་བོད་པ་ཡིན་པའི་དབང་གིས་རེད། ང་ཚོས་བོད་སྐད་རྒྱབ་པ་དང་བོད་ཆས་སྤྲས་པ། ང་ཚོ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གཞིར་བཟུང་ང་ཚོ་བོད་ པའི་འདུ་ཤེས་ཟབ་རུ་གཏོང་རྒྱུ་དང༌། ང་ཚོའི་སྙིང་སྟོབས་ཧུར་སྐྱེད་ཡོང་བའི་ཆེད་དུ་ཡིན། བོད་ཀྱི་ལོ་གསར་བཏང་བ་བརྒྱུད་ང་ཚོར་བློ་སྟོབས་གསར་པ་ཞིག་དང་གོ་སྐབས་གསར་པ་ ཞིག་འཚོལ་ཐུབ་པ་བྱུང་ནས་མུ་མཐུད་ང་ཚོའི་འཐབ་རྩོད་འདི་རྒྱུན་འཁྱོངས་ཐུབ་པ་ ཡོང་རྒྱུ་རེད་ལ། རང་ཉིད་ཀྱི་ནང་མི་དང་དགའ་ཉེ་སྤུན་མཆེད་ལྷན་ང་ཚོ་བོད་ཀྱི་ལོ་གསར་ལ་སྲུང་ བརྩི་ཞུས་པ་བརྒྱུད་བོད་མི་ཚོར་སྤྲོ་སྐྱིད་ཀྱི་ཚོར་བ་ཞིག་འཚོལ་ཐུབ་རྒྱུ་རེད་ ལ། སྤྲོ་སྐྱིད་ནི་དཀའ་སྡུག་དང་འདྲ་བར་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ཚང་མའི་ནང་ མེད་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་རེད།

དུས་རབས་ཕྱེད་ཀ་ལྷག་ཙམ་བཙན་བཟུང་བྱས་པའི་རྗེས་ང་ཚོས་གསལ་པོ་ཤེས་ཐུབ་པ་ཞིག་ ནི་དྲག་གནོན་པས་བོད་མི་རིགས་ཀྱི་སྙིང་སྟོབས་ལ་ཡིད་སྨོན་ཡོང་གི་ཡོད་པ་དང་ དབང་ཤུགས་ལ་གཉའ་སྒུར་གྱི་མེད། ལོ་འདིར་འཛམ་གླིང་ཡུལ་གྲུ་ཁག་ནང་ཡོད་པའི་བོད་མི་ཚོས་ལོ་གསར་ལ་རྟེན་འབྲེལ་ ཞུས་པའི་སྐབས་དང་བསྟུན་ནས་ང་ཚོའི་སྙིང་སྟོབས་འདིར་སོན་ཤུགས་ཀྱི་འཚོ་བཅུད་ གསར་པ་ཞིག་བཅུག་རྒྱུ་ཡིན།

ང་ཚོས་གལ་ཆེའི་སྲོལ་རྒྱུན་རིག་གཞུང་ལ་སྲུང་བརྩི་ཞུས་པའི་སྐབས་དེར་བོད་མི་ དང་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོ་གདན་ཞུས་ཀྱིས་སྤྱི་ཟླ་༢ཚེས་༡༤ཉིན་མོ་ འདིར་ཆོས་ཁང་དང་། ཡང་ན་སྒེའུ་ཁུང་གི་སྟེང་མཆོད་མེ་ཕུལ་ནས་རྒྱ་ནག་གཞུང་གིས་ཁྲིམས་འགལ་ངང་བཙན་ བཟུང་བྱས་པར་མུ་མཐུད་འགོག་རྒོལ་བྱེད་མཁན་གྱི་བོད་མི་ཚོར་ཁོང་རྣམ་པའི་དཔའ་ ངར་ཞུམ་མེད་ཀྱི་བློ་སྟོབས་འདིར་གུད་བཏུད་མཚོན་པར་བྱ་རྒྱུ་ཡིན།

བོད་རང་བཙན་ཐོབ་ངེས་རེད།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་དང་།
བོད་ཀྱི་ལས་འགུལ་ལྟེ་གནས་ཁང་གི་འགན་འཛིན་བཀྲས་མཐོང་ལྷ་སྒྲོན་ནས།

2 comments:

  1. ཁྱེད་རྣམ་གཉིས་ཀྱིས་གསུངས་པ་བདེན་གྱི། ཕལ་ཆེར་རྣམ་པ་གཉིས་ཀྱིས་གནས་ཚུལ་འདི་གསན་ཡོད་ཤག་རེད། གལ་ཏེ་གསན་མེད་ན་འདིར་བསྐྱར་འདེབས་ཞུས་ཆོག
    ཕལ་ཆེར་གཞིས་ཆགས་སྙོམ་ཆུང་ཁག་གི་ནང་ད་ལོ་ལོ་གསར་གཏོང་རྒྱུ་མིན་པའི་གཞུང་འབྲེལ་གསལ་བསྒྲགས་ཞིག་སྤེལ་འདུག་ འདི་ནི་བློ་ཕབ་པ་མ་ཟད་བྱབ་ཆུང་བའི་གནས་ཚུལ་ཞིག་རེད་སྙམ།
    རྒྱ་གར་མཐའ་ཁོབ་ཏུ་གནས་བཅའ་བའི་བོད་རིགས་གཞིས་ཆགས་ཨོ་རི་ས་དང་། མེའོ། བན་ཏ་ར། མེན་པརཏ་ལྟ་བུར་ལོ་ཧྲིལ་པོ་ཡོངས་སྡུག་དཀའ་ལས་རྒྱག་དགོས་པ་མ་ཟད། དུས་རྟག་ཏུ་མ་ལ་རི་ཡ་སོགས་ནད་ནར་གྱི་འཇིག་སྐྲག་འོག་གནས་དགོས་ཀྱི་ཡོད། ལོ་གསར་དུས་སྟོན་ཉིན་མོར་ལོ་རེར་ཐེངས་རེར་སེམས་ཁྲལ་དང་དངང་སྐྲག་དོར་ཏེ་སྐྱིད་པོ་ཞིག་གཏོང་རྒྱུའི་གོ་སྐབས་ཡོད། ད་ཆ་འདི་ཡང་འཕྲོག་འདུག་པས་ཧ་ཅང་གི་ཐབས་སྡུག་དང་བློ་ཕམ་པའི་གནས་ཚུལ་ཞིག་རེད་སྙམ།

    ReplyDelete
  2. འདི་ལོ་དངོས་གནས་བྱས་ན་ང་ཚོ་བོད་ཀྱི་ལོ་གསར་ལ་སྲུང་བརྩི་རྒྱས་པོ་ཞིག་ཞུ་དགོས་ཀྱི་རེད་སྙམ། ༢༠༠༨ལོའི་བོད་ས་ཡོངས་ཀྱི་བོད་མིའི་ཞི་རྒོལ་ལ་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་ཚོས་གདུང་སེམས་མཉམ་སྐྱེས་མཚོན་པའི་ལས་འགུལ་སྣ་ཚོགས་སྤེལ་ཡོད་པ་དང་ལྷག་པར་དུ་རྒྱ་དམག་གི་མཚོན་ཆའི་འོག་ནས་འདས་གྲོངས་ལ་སོང་བ་དང་། བཙོན་དུ་ཚུད་པ། བོད་ས་ཡོངས་ནང་དྲག་གནོན་བྱས་པ་སོགས་ལ་ངོ་རྒོལ་མཚོན་ཆེད་བོད་ཕྱི་ནང་གི་བོད་པ་ཚང་མས་༢༠༠༩ལོའི་བོད་ཀྱི་ལོ་གསར་ལ་དགའ་སྟོན་གྱི་རྟེན་འབྲེལ་ཞུས་མེད་པ་རེད། དངོས་གནས་འདི་ནི་བོད་མིའི་གཟི་བརྗིད་ཀྱི་རྣམ་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ལས་འགུལ་སྤེལ་ཕྱོགས་ཐད་རྣམ་པ་འདྲ་མིན་ཡོད་པས་བོད་མི་ཚོས་༢༠༠༨ལོ་འདི་བརྒྱུད་པའི་རྗེས་བོད་ས་ཡོངས་ཀྱི་བོད་མི་ཚོ་རྒྱལ་རབས་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་གཅིག་སྒྲིལ་ཞིག་བྱུང་ཡོད་པ་འདི་ནི་དགའ་འོས་པ་དང་རྟེན་འབྲེལ་ཞུ་འོས་པ་ཞིག་ཡིན་པ་མ་ཟད། ༢༠༠༨ལོ་འདི་བརྒྱུད་པའི་རྗེས་བོད་ས་ཡོངས་ནང་གི་བོད་པའི་ལོ་གསར་ཡང་གཅིག་གྱུར་བྱུང་ཡོད་པས་འདི་ལོའི་བོད་ཀྱི་ལོ་གསར་ལ་བོད་ས་ཡོངས་ནང་གི་བོད་མི་ཚོས་གཅིག་གྱུར་བྱུང་བའི་བོད་ཀྱི་ལོ་གསར་ལ་བསུ་པ་རྒྱས་པོ་ཞིག་ཞུ་འོས་པ་རེད་ལ། ལྷག་པར་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་སྐུ་འཚོ་བཞུགས་ཡིན་པའི་ཐོག་མཛད་འཕྲིན་གོང་འཕེལ་དང་དམིགས་བསལ་འདི་ལོའི་ང་ཚོ་བོད་ཀྱི་ལོ་གསར་སྐབས་ཨ་རིའི་སྲིད་འཛིན་ནས་མཇལ་འཕྲད་ཞུ་ཡི་ཡོད་པས་དེ་བས་ཕྱི་ནང་བོད་མིར་གསོན་ཤུགས་གསར་པ་ཞིག་ཡོང་ངེས་པས་དེ་བས་ང་ཚོ་བོད་ཀྱི་ལོ་གསར་ལ་བསུ་བ་རྒྱས་པ་ཞིག་ཞུ་འོས་པ་རེད་སྙམ།

    ReplyDelete